Choose the best hosting by reading users web host reviews. Get the best joomla host online.

བཀའ་བརྒྱུད་དགུན་ཆོས་སྐབས་བཅོ་བརྒྱད་པའི་གནས་ཚུལ་སྙིང་བསྡུས།

ཕྱི་ལོ་  ༢༠༡༤ ཟླ་བ་ ༡༡ ཚེས་ ༢༠ ཉིན་སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ཆོས་རྗེ་བླ་མ་ཕུན་ཚོགས་གཙོས་དགུན་ཆོས་གོ་སྒྲིག་ཚན་པའི་འབྲེལ་ཡོད་མཁན་པོ་རྣམས་ནས་སྤྱན་རྒྱ་སྤོས་སྣེས་གདན་དྲངས་ཏེ་གཏེར་སྒར་འདུ་ཁང་ཚོམས་ཆེན་དུ་ཞབས་སོར་བསྐྱངས་ཤིང་བཞུགས་ཁྲིར་འཁོད་མ་ཐག་འདི་ལོའི་དགུན་ཆོས་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ཆོས་རྗེ་བླ་མ་ཕུན་ཚོགས་དང་མཁན་སློབ་རྣམས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཟིན་རྗེས་རྟེན་འབྲེལ་གསོལ་ཇ་བཞེས་འབྲས་བསྟར་ཏེ་བཀའ་བརྒྱུད་དགུན་ཆོས་སྐབས་བཅོ་བརྒྱད་པའི་དབུ་འཛུགས་བསྐྱངས།  རུམ་བཏེག་ཀརྨ་ཤྲཱི་ནཱ་ལནྡཱ། དཔལ་སྤུངས་ཤེས་རབ་གླིང་། འཇམ་མགོན་ཚང་རིག་པའི་རྡོ་རྗེ། ཟུར་མང་བཤད་གྲྭ། ཁྲ་འགུ་ཚང་བཛྲ་བིདྱཱ།  མི་རིགས་འབོ་དཀར་བཤད་གྲྭ། བལ་ཡུལ་གཏེར་སྒར་བཤད་གྲྭ། བལ་ཡུལ་ལེགས་བཤད་གླིང་སྟེ་ཀཾ་ཚང་བཤད་གྲྭ་ཁག་བརྒྱད་ནས་ཕེབས་པའི་བཤད་གྲྭ་བ་དགེ་འདུན་ཞལ་གྲངས་དགུ་བརྒྱ་ལ་ཉེ་བའི་བཀའ་བརྒྱུད་དགུན་ཆོས་སྐབས་བཅོ་བརྒྱད་པ་དེ་བཞིན་གོང་ཚེས་ནས་ཕྱི་ཟླའི་ཚེས་ ༡༧ བར་ཟླ་ངོ་གཅིག་ལ་ཉེ་བའི་རིང་འཚོག་རྒྱུ་ཡིན་འདུག  སྤྱིར་དགུན་ཆོས་ཚུགས་དགོས་དོན་ནི་བཀའ་བརྒྱུད་བཤད་གྲྭ་ནང་ཕན་ཚུན་གྱི་རིགས་རྩལ་བློ་སྐྱེད་གོང་འཕེལ་ཡོང་བའི་སླད་དང་།  ཁྱད་པར་བསྟན་རྩ་དགེ་འདུན་གྱི་སྡེ་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་གང་ལེགས་ཡོང་བའི་ཕྱིར་དུ་ཡིན། 

 འདི་ལོ་ཡང་སྔ་མཁོ་བཞིན་གཟུ་དཔང་ལྔ་ལས་གདན་ས་བཀྲ་ཤིས་ལྷུན་པོ་ནས་དཀའ་ཆེན་བློ་བཟང་དམ་ཆོས།  སྔ་འགྱུར་རྙིང་མའི་རྒྱལ་བ་དཔལ་ཡུལ་བའི་གདན་ས་རྣམ་གྲོལ་གླིང་བཤད་གྲྭ་ནས་མཁན་པོ་བཀྲ་ཤིས་རྣམ་རྒྱལ།  དཔལ་ས་སྐྱའི་རྫོང་གསར་བཤད་གྲྭ་ནས་མཁན་པོ་ཕྲིན་ལས་ཆོས་གསལ།  དེ་བཞིན་འབྲུག་པ་བཀའ་བརྒྱུད་རྒྱལ་བ་མདོ་ཁམས་པའི་ཁམས་པ་སྒར་གྱི་བཤད་གྲྭ་ནས་སློབ་དཔོན་ཟླ་བ་བསྟན་འཛིན།  འབྲི་གུང་བཀའ་བརྒྱུད་ཀྱི་བཤད་གྲྭ་ནས་སློབ་དཔོན་རང་གྲོལ་བཅས་གྲུབ་མཐའ་སོ་སོའི་བཤད་གྲྭ་ནས་དགུན་ཆོས་སྐབས་བཅོ་བརྒྱད་པའི་གཟུ་དཔང་ཕྱིར་མཁན་པོ་ལྔ་ཕེབས་ཡོད།  འདི་ལོ་དགུན་ཆོས་ཀྱི་རྩོད་གཞི་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་གི་གསུང་རིགས་ལམ་ཆེ་བ་དང་གཞན་ཡང་བློ་རིགས་རྟགས་རིགས་རྣམས་གོམ་རིམ་གསུམ་དུ་ཆ་བགོས་ཀྱིས་རྩོད་བཞིན་པ་ཡིན།  གོང་གསལ་དགུན་ཆོས་ཉིན་གྲངས་ཉེར་བདུན་ལས་ཐ་མའི་ཉིན་བཞིར་མཉམ་མེད་དྭགས་པོ་ལྷ་རྗེའི་གསུང་ཐར་པ་རིན་པོ་ཆེའི་རྒྱན་གྱི་བགྲོ་གླེང་མཛད་རྒྱུ་ཡིན་འདུག  འདི་ལོ་དགུན་ཆོས་སྐབས་བཅོ་བརྒྱད་པའི་གོ་སྒྲིག་ལེགས་བཤད་གླིང་བཤད་གྲྭ་ནས་མཛད་ཅིང་རྩ་བའི་གསོལ་ཚིགས་དང་ལམ་གྲོན་སོགས་ཡོངས་རྫོགས་སྔར་མུས་ལྟར་མཚུར་ཕུ་བླ་བྲང་ནས་ནར་གཏོང་མཛད་བཞིན་པ་ཡིན།

རྒན་བསྟན་འཛིན་རྣམ་རྒྱལ་ནས།

 

 

ཕྱི་ལོ་ ༢༠༡༤ ཟླ་བ་ ༡༢ ཚེས་ ༡༠ ཉིན་དགོང་དྲོ་ཕྱག་ཚོད་བདུན་དང་ཕྱེད་ཐོག་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་དུང་རྒྱ་སྤོས་སྣེས་སྔུན་བསུས་ཏེ་གཏེར་སྒར་འདུ་ཁང་ཚོམས་ཆེན་དུ་ཞབས་སོར་བསྐྱངས་རྗེས་ཐོག་མར་རྟེན་གསུམ་སྤྱན་སྔར་སྐུ་ཕྱག་སྔོན་དུ་འགྲོ་བའི་སྒོ་ནས་བཞུགས་ཁྲིར་འཁོད་དེ་མགོན་པོའི་གསོལ་ཀ་དབུ་འཛུགས་བསྐྱངས།  ༸རྒྱལ་དབང་མཆོག་ནས་མགོན་པོའི་གསོལ་ཀ་འདི་ཉིད་ཚོགས་པ་ལ་བརྟེན་ནས་བཀའ་བརྒྱུད་སྨོན་སྐབས་ཕྱི་ནང་གསང་གསུམ་གྱི་བར་ཆད་མ་ལུས་ཞི་བ་དང་། འགལ་རྐྱེན་མཐའ་དག་ཆོས་ཀྱི་དབྱིངས་སུ་ཞི་ཞིང་ཆོས་བྱེད་དགེ་འདུན་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བཀྲ་ཤིས་ཤིང་དགེ་ལེགས་ཕུན་སུམ་ཚོགས་པ་ཡོང་བའི་དམིགས་པ་བགྱིད་དགོས་པའི་བཀའ་ཕེབས།  འདུས་པ་ཡོངས་ལ་གསོལ་ཇ་དང་མངར་ཟས་བསྟབས་མཇུག་མཚན་མོ་ཕྱག་ཚོད་དགུ་པའི་ཐོག་ཚོགས་གྲོལ།

ཕྱི་ལོ་ ༢༠༡༤ ཟླ་བ་ ༡༢ ཚེས་ ༡༡ ཉིན་གུང་ཡོལ་ཕྱག་ཚོད་གསུམ་དང་ཕྱེད་ཐོག་དཔལ་༸རྒྱལ་དབང་ཀརྨ་མཆོག་རྒྱུན་སྲོལ་ལྟར་འདུ་ཁང་ཚོམས་ཆེན་གྱི་བཞུགས་ཁྲིར་འཁོད་དེ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཟིན་རྗེས་ཁྲིད་ཐུང་བརྒྱ་རྩའི་ཁྲིད་ལུང་ཚོུད་ཕྱེད་ཙམ་རིང་འཕྲོ་སྐྱོང་གིས་སྩལ་ཏེ་དེ་མཇུག་འདི་ལོའི་བཀའ་ཁྲིད་བར་མཚམས་འཇོག་པར་མཛད།  དེ་རྟིང་༸རྒྱལ་དབང་མཆོག་ནས་བཀའ་སློབ་ལམ་སྟོན་མདོར་བསྡུས་སྩལ་བའི་སྙིང་པོར་ཐོས་བསམ་ལ་གཞོལ་བའི་རྗེས་འཇུག་སྤྱི་ནས་ཐོས་རྟགས་ཞི་ཞིང་དུལ་བ་དང་།  སྒོམ་རྟགས་ཉོན་མོངས་མེད་པ་ཞིག་མ་བྱུང་ཡང་ཉོན་མོངས་ཆུང་དུ་གཏོང་ཅི་ཐུབ་བྱ་རྒྱུ་ཤིན་ཏུ་གནད་ཆེན་པོ་ཡིན་ཚུལ་ཞིབ་ཕྲ་བཀའ་སྩལ།   ཚེས་ ༡༢ ཉིན་སྔ་དྲོའི་ཆར་བཤད་གྲྭ་ཁག་གི་མཁན་སློབ་དྲག་དྲས་རྣམས་སྒྲུབ་ཕྱོགས་དང་དགག་ཕྱོགས་ཀྱི་སྡེ་ཚན་གཉིས་སུ་ཆ་བགོས་ཀྱིས་ཐོས་པ་དང་སྒྲུབ་པ་གཉིས་ལས་གང་ཞིག་གལ་ཆེ་ཚུལ་སྐོར་གྱི་བགྲོ་གླེང་དང་།  གུང་ཡོལ་ཚོུད་གཉིས་པ་ནས་བཞི་པ་བར་དབུ་མ་གཞན་སྟོང་གི་ལྟ་བ་དེ་བཞིན་ལྟ་བ་ཡང་དག་ཡིན་མིན་གྱི་སྐོར་ཡང་གོང་བཞིན་དགག་སྒྲུབ་ཀྱི་སྡེ་གཉིས་སུ་ཕྱེ་སྟེ་ཕན་ཚུན་བགྲོ་གླེང་གིས་སྒྲོ་འདོགས་ལེགས་པར་ཞི་བར་མཛད་དོ།

ཕྱི་ལོ་ ༢༠༡༤ ཟླ་བ་ ༡༢ ཚེས་ ༡༢ ཉིན་སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་དུང་རྒྱ་སྤོས་སྣེས་སྔུན་བསུས་ཏེ་འདུ་ཁང་ཚོམས་ཆེན་ནང་ཞབས་སོར་བསྐྱངས་ཏེ་བཞུགས་ཁྲིར་འཁོད་མཇུག་བཀའ་བརྒྱུད་དགུན་ཆོས་སྐབས་བཅོ་བརྒྱད་པའི་གོམ་རིམ་གསུམ་པའི་བསྡུས་པའི་རྩོད་གཞུང་དུ་ལྟ་བ་དབུ་མར་འཇུག་ཚུལ་ལས་གཞན་ལུགས་དགག་པའི་སྐོར་ལཱ་བྷ་རིག་པའི་རྡོ་རྗེ་བཤད་གྲྭ་དང་། ལྟ་བ་དབུ་མར་འཇུག་ཚུལ་ལས་རྩོད་པ་སྤོང་བའི་སྐོར་མི་རིགས་འབོ་དཀར་བཤད་གྲྭ་གཉིས་ནས་ལུང་རིགས་ཀྱི་བརྒལ་བརྟག་མཛད་པ་དང་།  དེ་རྟིང་བློ་རིགས་ཀྱི་རྩོད་གཞུང་དུ་ལཱ་བྷ་ནས་སྤྱི་བྱེ་བྲག་གི་རྣམ་བཤད་དང་ལེགས་བཤད་གླིང་ནས་སྣང་སེལ་གྱི་སྐོར་ལ་བརྒལ་བརྟག་མཛད། གུང་ཡོལ་རྗེས་རྟགས་རིགས་ཀྱི་རྩོད་གཞུང་དུ་རུམ་བཏེག་བཤད་གྲྭ་ནས་རྗེས་དཔག་གི་བསལ་བའི་སྐོར་དང་། ལཱ་བྷ་ནས་ཕྱོགས་ཆོས་འཁོར་ལོ་དགུའི་སྐོར་ལ་བརྒལ་བརྟག་སྔ་རྒོལ་དང་དམ་བཅར་བཞུགས་རྒྱུ་བཅས་རིམ་པས་མཛད་རྒྱུ་ཡིན་འདུག  །

        རྒན་བསྟན་འཛིན་རྣམ་རྒྱལ་ནས།

Photoshop Brushes Joomla 1.7 Themes designed by Baseball Jacke